THF ཡི་བྱ་བ།

ང་ཚོ་ནི་བཟོ་བ་ཡིན་ལ། བཟོ་རྩལ་དོན་དུ་གཉེར་བའི་སློབ་མ་དང་། རྩལ་ཀུན་ཡོངས་སུ་རྫོགས་པའི་ལག་རྩལ་པའང་ཡིན།

ང་ཚོས་བརྗིད་ཆགས་ཡིད་དུ་འོང་བའི་ བཟོ་བཀོད་དག་ཁྱེད་ཅག་གི་སྣང་ངོར་འདྲེན་ལ། དེ་རུ་སྒྱུ་རྩལ་པ་མང་པོའི་རྣམ་དཔྱོད་དང་། བློ་གྲོས་ཀྱི་ཉིང་བཅུད་འོད་དུ་འཚེར་བས།

རྒྱང་རིང་ནས་ཕེབས་པའི་སྐུ་མགྲོན་མཆོག། འདི་དག་གིས་ཁྱེད་ལ་མོས་གུས་ཀྱི་སྤུ་ལོངས་གཡོ་ཞིང་སེམས་འགུལ་གྱི་མཆི་མ་ཐོར་བར་བྱེད་ངེས།



1996ལོར་ལྷ་ས་གྲོང་ཁྱེར་སྲིད་གཞུང་ནས་ཆོག་མཆན་གནང་བ་ལྟར་THFཡིས་འབྲེལ་ཡོད་ཀྱི་གནའ་བོའི་རིག་ དངོས་བཟོ་སྐྲུན་སྲུང་སྐྱོབ་དང་རྨང་གཞིའི་སྒྲིག་ཆས་ཡག་ཏུ་གཏོང་བའི་ལས་ཀར་ཞུགས་ཐོག བཟོ་སྐྲུན་ཇུས་ འགོད་ལག་ལེན་བསྟར་ཆེད་དགོས་ངེས་ཀྱི་བརྟག་དཔྱད་ཞིབ་འཇུག་བྱས། 1997ལོར་གྲོང་ཁུལ་རྙིང་པ་སླར་ གསོ་བྱེད་རྒྱུའི་སྤྱིའི་བསམ་བཀོད་འཆར་བ་དང་། ལོ་དེར་ང་ཚོས་ཆུ་འདྲེན་སྒྲིག་ཆས་དང་ཁོར་ཡུག་གཙང་སྦྲའི་ ལས་ཀ་འགོ་བཙུགས་པ་ཡིན། 1998ལོར། ལྷ་ས་གྲོང་ཁྱེར་རིག་དངོས་ཅུས་དང་མཉམ་ལས་དཔུང་རོགས་ཀྱི་ འབྲེལ་བ་བཙུགས་པ་དང་། གྲོང་ཁྱེར་ལྟེ་གནས་ཀྱི་བར་སྐོར་ཚོད་ལྟའི་སྲུང་སྐྱོབ་ས་ཁུལ་བྱས། སྲུང་སྐྱོབ་ཁུལ་ འདི་རུ་ངེད་ཐེབས་རྩ་ཚོགས་པས་བཟོ་སྐྲུན་རྙིང་པ་མང་པོ་ཞིག་སྔོན་གྱི་བཟོ་བཀོད་ལྟར་ཉམས་གསོ་དང་། དུས་མཚུངས་སུ་བཟོ་སྐྲུན་སྐོར་ཞིག་མུ་མཐུད་དུ་གཏོར་སྐྱོན་མི་འབྱུང་བའི་སྔོན་འགོག་བྱས། དེ་མིན་བོད་ ལྗོངས་ཀྱི་ས་ཁུལ་གཞན་དག་དུའང་བཟོ་སྐྲུན་རྙིང་པ་ཉམས་གསོ་བདག་གཅེས་དང་། ཆུ་འདྲེན་སྒྲིག་ཆས། ཁོར་ཡུག་གི་གཙང་སྦྲའིི་སྒྲིག་ཆས་སོགས་འཛུགས་སྐྲུན་གྱི་བྱ་བ་སྤེལ། ལག་རྩལ་མི་སྣ་གསོ་སྐྱོང་སྦྱོང་བརྡར་ བྱེད་རྒྱུ་ནི་ངེད་ཐེབས་རྩ་ཚོགས་པའི་བྱ་བ་གལ་ཆེན་ཞིག་ཡིན་ཏེ། བོད་ཀྱི་བཟོ་རྩལ་མཁས་པ་དང་ཕྱི་རྒྱལ་ གྱི་ཆེད་མཁས་དག་ལས་གནས་དངོས་སུ་ཕེབས་ནས་བོད་ཀྱི་ན་གཞོན་རི་མོ་བ་དང་། ཤིང་བཟོ་པ།བཟོ་ བཀོད་རྙིང་པ་ཉམས་གསོ་མཁན། ཨར་ལས་པ། གློག་ལས་པ། དོ་དམ་པ། ལྟ་སྐུལ་བ་བཅས་ལ་གསོ་སྐྱོང་ སྦྱོང་བརྡར་བྱེད་ཀྱིན་ཡོད།

ལྷ་ས་གྲོང་ཁྱེར་དུ་ངེད་ཐེབས་རྩ་ཚོགས་པས་ལོ་རྒྱུས་ལྡན་པའི་དམངས་སྡོད་བཟོ་སྐྲུན་བཅུ་གཉིས་དང་དགོན་ པ་གཅིག་ཡོངས་སུ་སླར་གསོ་བྱས་པ་དང་། དམངས་སྡོད་སྒོ་ར་གསུམ་གྱི་བཟོ་སྐྲུན་ཉམས་གསོ་བྱས་ཚར་ཞིང་། བཟོ་སྐྲུན་བཅོ་བརྒྱད་མྱུར་དུ་བརྟན་པོར་ བཟོས། མི་འབོར་ཆིག་སྟོང་ལྷག་མཆིས་པའི་དམངས་སྡོད་ས་ཁུལ་གྱི་ཆུ་ཡི་སྒྲིག་ཆས་དང་ཁོར་ཡུག་གི་གཙང་ སྦྲའི་སྒྲིག་ཆས་ལེགས་བཅོས་བྱས་པ་མ་ཟད། སྤྱི་སྤྱོད་གསང་སྤྱོད་ཁང་གཉིས་བསྐྲུན། མཆོད་རྟེན་གཅིག་ གསར་བཞེངས་དང་མཆོད་རྟེན་གཅིག་ཉམས་གསོ་བྱས། ལྷ་ས་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་གནའ་དགོན་ཞིག་ཏུ་ དུས་རབས་བཅོ་ལྔའི་སྐབས་སུ་བྲིས་པའི་ལྡེབས་རིས་ཞིག་ཡོད་པ་ཉམས་པ་སོར་ཆུད་དུ་བཏང་། གོང་གསལ་ ལས་ཀ་དེ་དག་ལ་སྤྱི་བསྡོམས་མ་དངུལ་ཨ་སྒོར་(US) 800,000 ལ་ཉེ་བ་བཏང་ཡོད་ཅིང། བོད་མི་སུམ་ བརྒྱ་ལྷག་ལ་ལས་ཀ་དང་སྦྱོང་བརྡར་གྱི་གོ་སྐབས་སྤྲད་ཡོད།




THF ཡི་བྱ་བ།

བྱ་བའི་འཆར་གཞི།  |  ལྷ་སའི་ཉམས་གསོ་ལས་ཚན།  |  ཚན་པ་ཆུང་ངུ།
འཕྲོད་བསྟེན་སྐོར་གྱི་ཚན་པ།  |  ལྷ་ས་ལས་གཞན་གྱི་ཚན་པ།  |  ལས་རིགས་སྦྱོང་བརྡར།
སྒྱུ་རྩལ་དང་ལག་རྩལ།


ངོས་གཙོ།  »  THFཡི་ལས་ཚན།
པར་གཞི་བོད་ལྗོངས་རིག་གནས་འཕེལ་རྒྱས་ཀུན་མཐུན་ཐེབས་རྩ་ལྷན་ཚོགས་(THF)ལ་དབང་།